日喀则市综合新闻门户网站

བཀྲ་ཤིས་པའི་ལུག་ལོར་ལུག་གི་སྐོར་བཤད་པ།

2015-03-02 12:09:34བོད་ལྗོངས་འཕྲིན་དྲ།

关键词:ལུག་གི་སྐོར་བཤད་པ།

བཀྲ་ཤིས་པའི་ལུག་ལོར་ལུག་གི་སྐོར་བཤད་པ།

    བཀྲ་གསལ་ཤིང་དབང་བྱང་ཆུབ་ལྗོན་པའི་དབུས།
    ཤིས་འཕྲིན་སྙན་མོ་ཁུ་བྱུག་དགའ་བའི་གླུས།
    བདེ་སྐྱིད་དཔལ་ཤར་གཡང་དཀར་ལུག་གི་ལོར།
    ལེགས་ཕྱོགས་བྱེ་བའི་ལོ་མགོ་དགའ་བས་བསུ།།
    ལུག་གི་མཚོན་བྱེད། ལུག་ནི་བོད་མི་དམངས་ཚོའི་བཀྲ་ཤིས་པ་དང༌།གཡང་ཁུག་པ།རྟེན་འབྲེལ་མཚོན་པ་བཅས་ཀྱི་རྫས་ཁྱད་པར་ཅན་ཞིག་ཡིན་སྟབས་རྟེན་འབྲེལ་མཛད་སྒོ་དང༌།གཉེན་སྟོན། ལོ་གསར་གཏོང་སྐབས་བཅས་སུ་མེད་ཐབས་མེད་པ་ཞིག་ཡིན། ལོ་གསར་གྱི་རྟེན་འབྲེལ་མཆོད་པ་སྒྲིག་གཤོམ་བྱེད་སྐབས་ལུག་མགོ་སྒྲིག་སྲོལ་གྱི་ལོ་རྒྱུས་རིང་པོ་ཡོད་པ་དང༌།ནང་པ་སངས་རྒྱས་པའི་ཆོས་ལུགས་ནང་དུ་ལུག་ནི་གཡང་གི་རྟེན་དུ་བྱེད་པས་ཚེ་གཡང་འགུགས་པའམ་བླ་འགུགས་ཚེ་འགུགས་ཀྱི་ཆོ་ག་སྒྲུབ་སྐབས་དགོས་ངེས་ཞིག་ཡིན་པ་མ་ཚད།ནད་པར་བླ་འགུགས་རིམ་འགྲོ་བྱེད་སྐབས་ཀྱང་མར་ལས་བཟོས་པའི་ལུག་གི་གཟུགས་བརྙན་ཆུ་སྣོད་ནང་གཏོང་བ་དང་གལ་ཏེ་ལུག་གི་ཁ་དེ་བླ་འགུགས་ཡུལ་གྱི་མིའམ་མདའ་དར་ལ་འཁོར་ན་བླ་ཁུག་པའི་རྟགས་སུ་ངོས་བཟུང་བ་སོགས་ལུག་ནི་གཡང་རྟེན་ཁྱད་པར་ཅན་ཞིག་ཡིན་པས་གཡང་དཀར་ལུག་གམ་གཡང་མོ་ལུག་གི་མཚན་སྙན་བདག་ཡོད།
    ལུག་གི་ཕན་ནུས། འཛམ་གླིང་ཐོག་རིགས་ཆེན་པོ་བཅུ་ཡོད་པར་གྲགས་པའི་ལུག་ནི་འགྲོ་བ་མིའི་རིགས་ལ་ཟས་གོས་སྤྱོད་གསུམ་གྱི་ལོངས་སྤྱོད་སྩོལ་མཁན་ཞིག་ཡིན་པ་དང༌།བོད་ས་མཐོར་འཚོ་བའི་མི་རྣམས་ཀྱི་ངོས་ནས་བརྗོད་ན་ལུག་ནི་རྣམ་ཀུན་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཚད་གྲང་བའི་ནད་བཅོས་པའི་སྨན་དུའང་འགྲོ་གི་ཡོད་པ་རེད།ལྷག་དོན་དུ་རྒྱལ་སྤྱིའི་འཚོ་བཅུད་རིག་པའི་ཁྱབ་ཁོངས་ཀྱིས་ལུག་གི་འོ་མ་ནི་འོ་མའི་ཁྲོད་ཀྱི་འཚོ་བཅུད་ལེགས་ཤོས་སུ་འབོད་པ་དང༌།ལུག་གི་འོ་མའི་ནང་གི་ཚིལ་རྒྱུ་འདུས་ཚད་ནི་བ་ཕྱུགས་སོགས་ཀྱི་འོ་མའི་གསུམ་ཆ་གཅིག་ལས་ཟིན་གྱི་མེད་པས་མིའི་གཟུགས་པོར་འཕྲོད་ཤུགས་ཆེན་པོ་ཡོད་པ་རེད།
    ལུག་གི་སྙིང་སྟོབས། ཁྱད་པར་དུ་དེ་སྔ་ལུག་གིས་བྱང་ཚྭ་ཁ་ནས་དཀའ་བ་ཚད་མེད་ཀྱིས་ཚྭ་དབོར་འདྲེན་བྱས་ཏེ་བོད་མི་རིགས་ལ་ཟས་ཀྱི་རོ་མཆོག་སྦྱིན་པའི་ལོ་རྒྱུས་ཀྱང་བཞག་ཡོད།ལུག་ནི་འཚར་སྐྱེ་མགྱོགས་ལ་ཕྱི་རོལ་དུ་འཚོ་བའམ་ལག་གསོས་གཉིས་ཀ་བྱེད་ཆོག་པས་གསོ་བདེ་བ་དང་ཁོར་ཡུག་ཆ་རྐྱེན་ཞན་པོའི་ཁྲོད་འཚོ་ཐུབ་ཅིང༌།གྲང་རེག་བཟོད་ཐུབ་པས་ས་མཐོར་འཕྲོད་ཤུགས་ཆེན་པོ་ཡོད།ལུག་ནི་དེ་ལྟར་འཚོ་ཐབས་གྱི་རེ་བ་མཐོ་པོ་མེད་པ་དང་རང་གི་མགོ་ལུས་ཚང་མ་འགྲོ་བ་མི་ལ་བློས་གཏོང་བྱེད་མཁན་གྱི་རྩྭ་གཟན་སྲོག་ཆགས་ཆེས་སྤྱིར་བཏང་ཞིག་ཡིན་ལ་རྩ་ཆེན་ཞིག་ཀྱང་ཡིན།
    ལུག་གི་ཀུན་སྤྱོད། ལུག་གིས་འགྲོ་བ་མི་ལ་ཟས་གོས་དང་དངོས་པོའི་ལོངས་སྤྱོད་བསྩལ་བ་ཙམ་མིན་པར་ཀུན་སྤྱོད་ཐོག་གི་མིག་བལྟོས་ཀྱང་བཟང་པོ་སྟོན་ཡོད་པ་ནི་ལུག་གི་གཞན་མཙེ་བ་མེད་གཤིས་ཀ་ཧ་ཅང་འཇམ་པ་དང་འཚོ་ཐབས་ཐད་ཆོག་ཤེས་ཆེ་སྟབས་གཤིས་ཀ་འཇམ་པ་དང་སྐད་ཆུང་བ༌།གཞན་ལ་བསྟུན་མཁས་ཆེ་བའི་མི་ལ་མི་བླ་མ་དཀོན་མཆོག་ལུག་དང་འདྲ་བ་ཡོད་ཅེས་གཤིས་བཟང་གི་དཔེ་རུ་འཇོག་ཆོག་ཡོད།
    ལུག་གི་རིན་ཐང༌།དེ་ལྟར་ལུག་ནི་ལོ་རྒྱུས་ཀྱི་ཚོད་བགམ་ཐེབས་པའི་ལོ་གསར་གྱི་རྟེན་འབྲེལ་དངོས་པོ་ཞིག་ཡིན་པ་དང་འགྲོ་བ་མིའི་རིགས་ཀྱི་དགོས་མཁོ་སྣ་ཚོགས་སྒྲུབ་པའི་ཟོག་ནོར་ཁྱད་པར་ཅན་ཞིག་ཡིན་ལ།ལོ་གསར་གྱི་རིག་གནས་འཕེལ་རྒྱས་གཏོང་རྒྱུར་ལེགས་སྐྱེས་ཆེན་པོ་འབུལ་མཁན་ཞིག་ཡིན་པ་དང་ལུག་ཚེ་ཐར་བཏང་ན་མི་འཇིགས་སྲོག་གི་སྦྱིན་པ་བཏང་བས་ཚོགས་དཔག་མེད་གསོག་པ་དང་རང་ཉིད་ཀྱི་ཚེའི་བར་ཆད་ཟློག་པ་དང༌།ལུག་ནི་འགྲོ་བ་མིའི་རིགས་ཀྱི་མཆོག་ནོར་ཁྱད་པར་ཅན་ཞིག་ཡིན་ཞེས་བཤད་ན་མི་འཚམས་པ་ཅི་ཡང་མེད་དོ།།
    ལུ༵ག་ལོའི་ལུག་ལ་བཀྲ་ཤིས།།  ལོ་བདག་ལུག་རྫི་དོན་འགྲུབ།།
    ལུ༵ག་རྫི་འུར་རྡོ་རྒྱག་ལ་མཁས།།  སྦྱངས་ན་ཡོན་ཏན་ཀུན་ལ་མཁས།།
    ལུ༵ག་དགའ་བ་སྤང་རི།།  ར་དགའ་བ་རྫ་རི།།
    ལུ༵ག་གཡང་དཀར་འཕེལ་ཁ་རྒྱས།། བལ་ཁ་ཆུའི་སྤུ་རྣ་རིང༌།།
    ལུ༵ག་གཡང་དཀར་རྒོ་ཁྱུ་འདྲེས་འདྲ།།  རྟ་འདོ་བ་རྐྱང་དང་འདྲེས་འདྲ།།
    ལུ༵ག་གུ་མ་ཁྱེར་གོང་ལ་སྤྱང་ཀི་ཟུངས།།  ཡུལ་སྡེ་མ་འཁྲུགས་གོང་ལ་མི་ངན་ཟུངས།།
    ལུ༵ག་རྫི་ཇ་ཆང་གཉིས་ལ་མགོ་འཁོར་ན།།  ལུག་གུ་སྤྱང་ཀིས་འཁྱེར་བ་དངོས་བདེན་རེད།། 

责任编辑:扎西卓玛
相关新闻
网友评论

日喀则网站联盟

友情链接

涉藏网站

中共日喀则市委宣传部主管    日喀则市互联网信息办公室主办    藏ICP备12000035号

网络违法举报>  网络违法举报